ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་འཁུར། རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཞིབ་ཕྲའི་མཛུབ་ཁྲིད། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གི་མཐུན་མོང་གི་རྒྱབ་སྐྱོར་བཅས་ཀྱི་འོག རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན་》རྒྱལ་ནང་སྐོར་བསྐྱོད་འགྲེམས་སྟོན་གྱི་མཐའ་མའི་ས་ཚིགས་འདི་བཞིན་ཧྲན་ཀྲན་ཏུ་འབྱོར་ཡོད། ཧྲན་ཀྲན་འགྲེམས་སྟོན་འདི་ནི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་རྣམ་གྲངས་《ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན་》རྒྱལ་ནང་སྐོར་བསྐྱོད་འགྲེམས་སྟོན་གྱི་མཇུག་བསྡུའི་འགྲེམས་ཁང་ཞིག་ཡིན་པའི་ངོས་ནས། ༢༠༢༠ལོའི་ཟླ་དང་པོའི་ཚེས་༧ཉིན་ནས་ཟླ་དང་པོའི་ཚེས་༡༣ཉིན་བར་ཧྲན་ཀྲན་ཡཱ་ཁྲང་སྒྱུ་རྩལ་ལྟེ་གནས་ཀྱི་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱེད་རྒྱུ་དང་། སྒོ་དབྱེ་མཛད་སྒོ་ནི་༢༠༢༠ལོའི་ཟླ་དང་པོའི་ཚེས་༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༥དང་༣༠ཡཱ་ཁྲང་སྒྱུ་རྩལ་ལྟེ་གནས་ཐོག་བརྩེགས་ལྔ་པའི་མཛེས་རྩལ་ཁང་དུ་གཉེར་རྒྱུ་ཡིན་ཞིང་། འགྲེམས་སྟོན་འདི་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་མཛུབ་ཁྲིད་དང་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ། བོད་ལྗོངས་ཐང་གའི་ལྟེ་གནས་རི་མོ་གླིང་གིས་འགན་སྒྲུབ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རོགས་སྒྲུབ་བཅས་གནང་བ་ཞིག་ཡིན།
འགྲེམས་སྟོན་འདིའི་དམིགས་ཡུལ་ནི་ཉེ་བའི་ལོ་ཤས་ནང་རྒྱལ་ཡོངས་ཀྱི་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཁྲོད་བརྩམས་ཆོས་སྤུས་དག་ཐོན་པ་དག་ལས་ལེགས་འདེམས་ཀྱིས། ཐང་གའི་སྒྱུ་རྩལ་གྱི་ཡུན་རིང་ལོ་རྒྱུས་དང་ཐུན་མིན་རྩེར་སོན་གྱི་རི་མོའི་ལག་རྩལ། རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་དོན་སྤྱི་བཅས་ལ་རྒྱ་ཁྱབ་ཏུ་བསྒྲོགས་སྤེལ་གྱིས་ཐུན་མིན་སྒྱུ་རྩལ་གྱི་མཚར་ཉམས་མངོན་པར་བྱ་རྒྱུའི་ཆེད་དུ་ཡིན།
སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་འགན་དུ་བཞེས་པའི་བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ལ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཡུན་རིང་ཐུགས་འཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཅིང་། ༢༠༡༤ལོ་ནས་བཟུང་སྟུད་མར་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན། ཞེས་པ་སྐབས་བཞི་གཉེར་ཟིན་ཞིང་། དབང་གྲགས་ཆེ་ཤོས་དང་མཉམ་ཞུགས་མཁན་མང་ཤོས། ཆུ་ཚད་ཆེས་མཐོ་བ་བཅས་ཀྱི་ཐང་གའི་སྒྱུ་རྩལ་གྱི་སྤྱི་སྟེགས་བཙུགས་ནས། ཕུལ་བྱུང་ཐང་ག་དཔྱད་འདེམས་དང་ཐང་གའི་སྒྱུ་རྩལ་པ་གསོ་སྐྱོང་། ཐང་གའི་རིག་གཞུང་མ་ལག་འཐུས་ཚང་བཅས་བྱས་པ་བརྒྱུད་ཐང་གའི་སྒྱུ་རྩལ་བྱ་གཞག་འཛིན་སྐྱོང་སྤེལ་གསུམ་དང་གསར་གཏོད་བཅས་ལ་སྐུལ་འདེད་གཏང་ཡོད།
སྒོ་དབྱེ་བྱེད་རྒྱུ་ཡིན་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན། ཞེས་པའི་རྒྱལ་ནང་སྐོར་བསྐྱོད་འགྲེམས་སྟོན་ལས་ཧྲན་ཀྲན་འགྲེམས་སྟོན་དུ་བསྡོམས་ཐང་ག་༦༠ལྷག་འགྲེམས་སྟོན་བྱེད་རྒྱུ་དང་། འདི་དག་ནི་སྐབས་རིམ་པའི་ཀྲུང་གོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་དུས་ཆེན་ཕུལ་བྱུང་འགྲེམས་སྟོན་གྱི་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་། བྲིས་ལུགས་ཆེན་པོ་བཞིའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་བརྩམས་ཆོས། དེ་བཞིན་གྲགས་ཅན་གྱི་ཚེམ་དྲུབ་དང་འབུར་ཐང་། ཕྲ་རྒྱན་བཅས་བཟོ་རྩལ་གྱི་དབུ་ཆེན་གྱི་བརྩམས་ཆོས་ལས་གྲུབ་ཅིང་། བྱིའུ་སྒང་ལུགས་དང་སྨན་ལུགས། མཁྱེན་ལུགས། ཀརྨ་སྒར་བྲིས། སྨན་གསར་བཅས་བྲིས་ལུགས་ཆེན་པོ་ལྔ་འཛོམས་ཤིང་སྒྱུ་རྩལ་གྱི་རྣམ་པ་དང་ཁྱད་ཆོས་མི་འདྲ་བའི་ཕུལ་བྱུང་བརྩམས་བྱ་མཉམ་འདུས་ཀྱི་ཁྱད་ཆོས་ལྡན་ཡོད།
ཐེངས་འདིའི་འགྲེམས་སྟོན་ནང་ལུགས་ལྔའི་ལྷ་བྲིས་པ་ས་ཡུལ་དངོས་སུ་ཕེབས་ནས་གཟིགས་སྐོར་བ་ཚོར་བར་ཐག་གང་ཡང་མེད་པར་ཐང་ག་བཞེངས་པའི་རྒྱུད་རིམ་ལ་ལྟ་ཐུབ་རྒྱུ་མ་ཟད། པོ་ཏ་ལ་རྟགས་ཅན་གྱི་སྲོལ་རྒྱུན་གཏེར་རྡོ་རྩི་ཤིང་ཚོན་དང་གཏེར་རྡོ། ཚེམ་དྲུབ། འབུར་ཐང་། ཕྲ་རྒྱན་བཅས་བཟོ་རྩལ་འགྲེམས་བཤོམས་བྱེད་རྒྱུ་ཡིན།
འགྲེམས་སྟོན་འདི་ནི་༢༠༡༨ལོ་ནས་བཟུང་རིམ་བཞིན་པེ་ཅིང་དུ་ཀྲུང་གོའི་མཛེས་རྩལ་ཁང་དང་། ཧྲང་ཧའེ་རུ་ཀྲུང་ཧཱ་སྒྱུ་རྩལ་ཕོ་བྲང་། ལྷ་ས་རུ་གཟིམས་ཤག་བཤད་སྒྲ་བཅས་སུ་འགྲེམས་སྟོན་བྱས་པའི་རྗེས་ཀྱི་ཐ་མའི་ས་ཚིགས་ཤིག་ཡིན། ཀྲུང་གོའི་ཐང་གའི་སྒྱུ་རྩལ་ཕུལ་བྱུང་འགྲེམས་སྟོན་ཞེས་པས་ལོ་མང་གི་ཉམས་མྱོང་གསོག་འཇོག་བྱས་ཤིང་དེ་ནི་ཐང་གའི་སྒྱུ་རྩལ་གྱི་ཡང་རྩེར་གསོན་པའི་བརྩམས་ཆོས་བསྡུ་ལེན་གྱིས་འགྲེམས་སྟོན་བྱེད་པ་ཐེངས་དང་པོ་དེ་ཡིན་ཞིང་། དེ་བས་ཀྱང་བོད་རིགས་ཀྱི་སྒྱུ་རྩལ་གྱི་སྙིང་བཅུད་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་མྱོང་རོལ་ཐུབ་པའི་གསོལ་སྟོན་གཟབ་རྒྱས་ཤིག་དང་མཚུངས་པས་གོ་སྐབས་ཤོར་མི་ཉན།
ཞིས་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དང་།རྒྱལ་ཁབ་ཀྱིས་རིག་གནས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བྱེད་པའི་རྒྱབ་ལྗོངས་བཟང་པོའི་འོག ལོ་རྒྱུས་རིང་ཞིང་ཕུལ་དུ་བྱུང་བའི་སྲོལ་རྒྱུན་ཐང་གའི་སྒྱུ་རྩལ་གྱིས་ལོ་ངོ་སྟོང་གི་ལོ་རྒྱུས་འཛིན་ནས། གཟི་བརྗིད་ཉམས་གྱུར་ལྷག་པར་ལྡན། །གང་དེའི་ནང་དོན་བརྗོད་མཐའ་བྲལ། །ཞེས་ཀྱང་བྱ་སྟེ། དུས་རབས་གསར་པའི་ཞིང་ས་ཤིན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་ངེས་སུ་ཡོད་ཅིང་། ཉམས་ལྡན་གྱི་རི་མོ། མི་རིགས་ཀྱི་ནོར་བུ་སྐྱར་འགྲེམས་བྱེད་ངེས་ཡིན།།།།